།ཇི་སྲིད་སྡིག་པ་སྨིན་གྱི་བར། །སྡིག་ཅན་ཡིན་ཡང་བཟང་པོར་མཐོང་།
།གང་ཚེ་སྡིག་པ་སྨིན་གྱུར་པ། །དེའི་ཚེ་སྡིག་པ་ཅན་རྣམས་མཐོང་། །
ང་བཅས་ཀྱིས་འཇིག་རྟེན་ནང་ འཚོ་བ་སྐྱོང་པའི་དུས་ལུ་ སྡིག་པའི་ལཱ་འབད་མི་སྡིག་ཅན་དེ་ སྡིག་པ་འབད་བའི་ལས་ཀྱི་འབྲས་བུ་ མྱོང་མ་རན་གྱི་བར་དུ་ སྡིག་ཅན་གྱི་མི་དེ་ བཟང་པོ་འབད་མཐོང་ནི་དང་ སྡིག་པའི་ལཱ་འབད་རུང་ བཟང་པོ་འབད་མཐོང་ནི་ཨིན་པས། ཨིན་རུང་ རང་གིས་ལས་དེ་མྱོང་བའི་དུས་ཚོད་དུས་ལུ་བབས་ད་ མི་དེ་གིས་འབད་མི་ལཱ་ངན་དང་ མི་དེ་བཟང་པོ་ཨིན་ན་ངན་པ་ཨིན་ན་ དུས་ཚོད་དེ་བསྒང་ཧ་གོ་ཚུགས་ཟེར་བའི་དོན་ཨིན་པས།
།ཇི་སྲིད་བཟང་པོ་སྨིན་གྱི་བར། །བཟང་པོ་ཡིན་ཡང་སྡིག་པ་མཐོང་། །
གང་ཚེ་བཟང་པོ་སྨིན་གྱུར་པ། །དེ་ནས་བཟང་པོ་རྣམས་མཐོང་འགྱུར། །
གོང་དང་འདྲ་སྟེ་ བཟང་པོའི་འབྲས་བུ་མ་སྨིན་གི་བར་དུ་ གལ་སྲིད་མི་དེ་གིས་བཟང་པོའི་ལཱ་འབད་དེ་འབད་རུང་ འཇིག་རྟེན་མ་དག་པའི་དབང་གིས་མི་དེ་ངན་པ་དང་ བྱ་བ་སོགས་ངན་པ་འབད་མཐོང་ནི་ཨིན་པས། ཨིན་རུང་ བཟང་པོའི་འབྲས་བུ་སྨིན་པའི་དུས་ཚོད་ལུ་ལྷོདཔ་ད་ ལས་འབྲས་བསླུ་བ་མེདཔ་ལས་ རྒྱུ་གང་སོང་འབྲས་བུ་སྨིན་ཏེ་ བཟང་ངན་གྱི་དབྱེ་བ་དེ་བསྒང་ཧ་གོ་ནི་ཨིན་པས་ལགས།
སྲུང་དེ་ཡང་།
སྔོན་མ་བདག་བཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ ཞལ་བཞུགས་པའི་སྐབས་ རྒྱ་གར་རྒྱལ་བྱེད་ཚལ་དུ་ མགོན་མེད་ཟས་སྦྱིན་ཟེར་ སངས་རྒྱས་ལུ་སྙིང་ནས་དད་པ་ཡོད་མི་ ཚོང་དཔོན་གྱི་ནང་ལས་ཚོང་པ་གཞན་གྱིས་ དོ་འགྲན་འབད་མ་ཚུགས་མི་འགྲན་ཟླ་དང་བྲལ་བའི་ ཚོང་དཔོན་སྐད་ཅན་མིང་ཅན་གཅིག་ཨིན་པས། སངས་རྒྱས་ལུ་ ས་ཆ་གཅིག་ཉོ་སྟེ་ཕུལ་ནི་དོན་ལུ་ རྒྱལ་པོ་གསལ་བྱེད་ལས་ས་ཆ་ཉོ་ནི་དོན་ལས་ ཞུ་བ་ཕུལ་བའི་སྐབས་ རྒྱལ་པོས་ས་ཆ་དེ་ག་དེམ་ཅིག་གོ་ནི་ཨིན་ན་ ཁྱོད་རང་གསེར་ཡོད་མི་དེ་ཀྲམ་ཟེར་ བཀའ་གནངམ་ད་ཚོང་པ་མགོན་མེད་ཟས་སྦྱིན་གྱིས་ གསེར་ཚུ་ས་གུར་ཀྲམ་སྟེ་གསེར་གྱིས་ཁྱབ་མི་ས་ཆ་ཉོ་སྟེ་ཕུལ་ནུག
ཚོང་པ་མགོན་མེད་ཟས་སྦྱིན་དེ་ སངས་རྒྱས་ལུ་དད་པ་འགྱུར་བ་མེད་པར་ཡོདཔ་ལས་ ཉིནམ་གཅིག་ནང་སངས་རྒྱས་མཇལ་བ་ ཚར་གསུམ་འགྱོ་དོ་ཡོདཔ་མས། དེ་ཡང་ཚར་གཅིག་དང་གཉིས་མེན་པར་ དུས་རྒྱུན་མཇལ་བ་འགྱོ་དོ་ཡོདཔ་མས། མཇལ་བར་འགྱོ་བའི་སྐབས་ཡང་ ལགཔ་སྟོང་པར་མ་འགྱོ་བར་ དྲོ་པ་བཞེས་ཐུགཔ་དང་ཉི་མ་གསོལ་ཚོགས་ དེ་ལས་ཕྱི་རུ་དགེ་འདུན་པ་ཚུ་ གསོལཝ་བཞེས་ནི་མེདཔ་ལས་གོས་ཀྱི་རིགས་ཚུ་ གནམ་མེད་ས་མེད་ཆོག་སྒྲིག་བསྐྱེད་དེ་ཕུལ་དོ་ཡོདཔ་མས།
ཚོང་དཔོན་དེ་ལུ་ གསེར་དངུལ་ལེ་ཤ་ཡོདཔ་གཡུས་ཁའི་མི་ག་ར་གིས་ཤེསཔ་ལས་ མི་གཞན་གྱི་ཨརཝ་བརྐུ་འོང་ ཡང་ན་ཁྱིམ་ནང་ལས་མི་ངན་ཚུ་གིས་འཕྱོག་སྟེ་འབག་འགྱོ་འོང་མནོ་བའི་མནོ་བསམ་གྱིས་ ཚོང་རྐྱབ་སྟེ་འཐོབ་ཡོད་མི་གསེར་དངུལ་ཚུ་ ཆུ་གི་མཐའ་མ་བྱེམ་གྱི་འོག་ལུ་ མི་ག་གིས་ཡང་མ་ཤེས་པར་ མི་གཞན་གྱིས་མ་མཐོངམ་འབད་ གཡིབ་བཞག་དོ་ཡོདཔ་མས། སངས་རྒྱས་དང་སངས་རྒྱས་ཀྱི་འཁོར་ལུ་ དད་པ་འགྱུར་མེད་ཀྱིས་སྒོ་ལས་ཕྱག་དང་མཆོད་པ་ཕུལ་བའི་ལས་ཀྱི་འབྲས་བུ་ལས་ ཚོང་པ་ལེ་ཤ་ཡོད་པའི་གྲལ་ལས་ཕྱུགཔོ་ཅིག་ལུ་འགྱུར་ཏེ་ ཚོང་རྐྱབ་སྟེ་ཐོབ་མི་གསེར་དངུལ་ཚུ་ ཆུ་གི་བྱེམ་ནང་གཡིབ་སྟེ་རང་ བཞག་དོ་ཡོདཔ་མས།
ལས་ཀྱིས་རླུང་འཕུ། །དུས་ཀྱིས་ཆརཔ་བབས། །ཟེར་བའི་དཔེ་བཟུམ་ གནམ་བྱ་ཆརཔ་རྐྱབ་སྟེ་ ཆུ་སྦོམ་འགྱོ་བའི་དུས་ཚོད་ནང་ ཚོང་དཔོན་མགོན་མེད་ཟས་སྦྱིན་གྱིས་བསགས་ཏེ་གཡིབ་ཡོད་མི་ གསེར་དངུལ་ཚུ་ལྷག་མ་མེད་པར་ཆུ་གིས་འཕྱག་འབག་སྟེ་ ཚོང་དཔོན་ཁོ་རང་སྔོན་མ་ཕྱུག་པོའི་མིང་ཐོབ་རུང་ དུས་ཚོད་དེ་ལས་ ག་ཅི་ཡང་མེད་པར་སྤྱང་ཀ་གཅིག་ལུ་འགྱུར་སོང་ནུག སངས་རྒྱས་མཇལ་བ་འགྱོ་ནི་སེམས་ཡོད་རུང་ སྔོན་མ་ལས་ ལགཔ་སྟོང་པ་ཕུལ་ཆ་མེད་པར་མཇལ་བ་འགྱོ་བའི་སྲོལ་མེདཔ་ལས་ མཇལ་བ་འགྱོ་བ་ཅིན་ ཕུལ་ཆ་ག་ཅི་ཡང་མེདཔ་ལས་སེམས་འཁྲུལ་ལེ་ཤ་འབྱུང་ནུག མཇལ་བ་མ་འགྱོ་བ་ཅིན་དུས་རྒྱུན་སངས་རྒྱས་མཇལ་བ་འགྱོ་ནི་ཡོདཔ་ལས་ ག་ཅི་འབདཝ་དྲག་ག་མ་ཤེས་པར་ ཐབས་ཤེས་མ་ཐོབ་པར་སྡོད་ནུག
ཨིན་རུང་ སྔོན་མ་བཟུམ་བཞེས་ཐུགཔ་དང་ གསོལ་ཚོགས་ཕུལ་མ་ཚུགས་རུང་ རྟེན་འབྲེལ་གྱི་ཚུལ་ལུ་ བཞེས་ཐུགཔ་གསོལ་ཚོགས་དང་ གོས་འབྲིང་ཅིག་ཕུལ་བ་འགྱོ་ནུག དེ་བསྒང་ སངས་རྒྱས་ལུ་ཚོང་དཔོན་གྱིས་ གསེར་དངུལ་ཚུ་ཆུ་གིས་འཕྱག་འབག་བའི་ལོ་རྒྱུས་དང་ ཁོ་གིས་དགེ་འདུན་ལུ་ སྔོན་མ་བཟུམ་གསོལ་ཚོགས་ཕུལ་མ་ཚུགས་མི་ལུ་ དགོང་མ་ཁྲེལ་ཟེར་ཞུ་ནུག་ དེ་བསྒང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཆོས་ཀྱི་ཚིགས་སུ་བཅད་པ་གོང་ལུ་འཁོད་དེ་ཡོད་མི་དེ་ གསལ་བྱེད་ཀྱི་ཚལ་ནང་མགོན་མེད་ཟས་སྦྱིན་ལུ་གསུངས་ནུག་གོ །
༼གོང་ལུ་འཁོད་དེ་ཡོད་མི་འགྲེལ་པ་དང་སྲུང་དེ་ སློབ་དཔོན་གྱིས་སློབ་སྟོན་གནང་པའི་སྐབས་ ཉན་ཏེ་བྲིས་ཡོདཔ་ལས་དག་ཆ་དང་ཚིག་ཚུ་ནོར་བ་ཡོད་ན་ལྷག་མི་ཡོངས་ཀྱིས་ བཟོད་པ་བཞེས་ཏེ་དག་བཅོས་མཛད་གནང་ཟེར་ཞུ་ནི་ཨིན་ལགས།༽
3 Comments
May all sentient beings get liberated and attain Buddha Land 🌄.
ReplyDeleteNamay samay lekpo d bala bro 🤜 keep it up!
ReplyDelete🙏🙏🙏
ReplyDelete